སངས་རྒྱས་སྐྱབས་ཀྱིས་བརྩམས།
ལོ་མ་རྒྱལ་གྱིས་བསྒྱུར།
ལོ་མ་རྒྱལ་གྱིས་བསྒྱུར།
ཞི་ཅིན་ཕིན་གྱིས་སྲིད་དབང་བཟུང་རྗེས། རྒྱ་ནག་གི་རང་དབང་དང་། དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་། ད་དུང་། བོད་དང་ཤར་ཏུར་ཁི་སི་ཐན་སོགས་ལ་སྔར་ལས་གཉའ་གནོན་བྱས་ཡོད་པ་ནི་འཛམ་གླིང་ཡོངས་ཀྱིས་ངོས་ལེན་བྱེད་ཀྱི་ཡོད་པའི་དོན་དངོས་ཤིག་ཡིན་པར་མ་ཟད། ཟླ་འདིའི་རྒྱ་ནག་གི་ཚོགས་ཆེན་གཉིས་ཀྱི་སྐབས་ཞི་ཅིན་ཕིན་རྒྱ་གཞུང་གི་ཆེས་མཐོའི་དབང་ཆའི་གོ་བབ་ཏུ་བསྡད་པའང་ཀུན་གྱིས་མཐོང་ཆོས་སུ་གྱུར་པའི་དོན་དངོས་ཤིག་ཡིན། རྒྱབ་ལྗོངས་ཆེན་པོ་འདི་འདྲ་ཞིག་གི་འོག་ནས། ཞི་ཅིན་ཕིན་གྱིས་ཚད་མེད་པའི་སྒོ་ནས་དབང་ཆ་འཛིན་པར་བརྟེན། ཁོས་བོད་ཐོག་ཏུ་སྲིད་ཇུས་ཅི་ཞིག་འཛིན་པ་ནི་བོད་མི་ཚོས་ཧ་ཅང་དོ་ཁུར་བྱེད་པའི་གནད་དོན་ཞིག་ཡིན། ཞི་ཅིན་ཕིན་སྲིད་གཞུང་གིས་བོད་ཐོག་ཏུ་འཛིན་པའི་སྲིད་ཇུས་ལ་ཞིབ་འཇུག་བྱེད་པར། ཐོག་མར་འདས་པའི་རྒྱ་གཞུང་གིས་བོད་ཐོག་ཏུ་བཟུང་བའི་སྲིད་ཇུས་ལ་ལྟ་དགོས་ཤིང་། ཅིའི་ཕྱིར་དེ་ལྟ་བུའི་སྲིད་ཇུས་ཤིག་བཟུང་དགོས་པ་ལའང་ལྟ་དགོས། དེ་ནས་མ་འོངས་པར་བོད་ཐོག་ལ་འཛིན་པའི་སྲིད་ཇུས་ཐད་ལ་ཞིབ་འཇུག་གནང་ན། ཞི་ཅིན་ཕིན་གྱིས་བོད་ཐོག་ལ་འཛིན་པའི་སྲིད་ཇུས་ཀྱི་སྤྱི་ཁོག་ཅིག་ཤེས་རྒྱུ་རེད།
འདས་པའི་ལོ་ལྔའི་ནང་དུ། ཞི་ཅིན་ཕིན་གྱིས་བོད་ཐོག་ཏུ་བཟུང་བའི་སྲིད་ཇུས་ནི་མཁྲེགས་པོ་ཞིག་ཡིན་པར་མ་ཟད། རྒྱ་གཞུང་སྔ་མ་ཚོའི་བྱེད་ཐབས་ལ་འགྱུར་བའང་བཏང་ཡོད། དཔེར་ན། སྔོན་ཆད་རྒྱ་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་ནས༸གོང་ས་མཆོག་ལ་ས་བསྒྲགས་གནམ་བསྒྲགས་ཀྱིས་མཚན་སྨད་ཞུ་བཞིན་ཡོད་པ་ལྟར་བྱེད་ཀྱི་མེད་པ་དང་། འཐབ་ཕྱོགས་གཅིག་གྱུར་ཁང་དང་མི་རིགས་ལས་དོན་སྡེ་ཁག་གི་འགོ་བ་ཚོས༸གོང་ས་མཆོག་ལ”ཏཱ་ལའི་རུ་ཁག”ཅེས་མཚན་སྨད་དང་ངན་དམོད་བྱེད་པའང་མཚམས་བཞག་ཡོད་པ་ལྟ་བུ་རེད། ཡིན་ནའང་། ཁོ་བོས་འདི་ནི༸གོང་ས་མཆོག་དང་བོད་དོན་ལ་བཟང་པའི་རྣམ་པ་ཞིག་ཏུ་མི་འདོད་པར་རྒྱ་གཞུང་གི་བྱེད་ཐབས་ལ་འགྱུར་བ་བཏང་ཙམ་ཞིག་ཏུ་འདོད་ཀྱི་ཡོད། ཡང་འདི་ལྟར་ཀྱང་དོགས་པ་བྱེད་ཆོག་སྟེ། རྒྱ་གཞུང་གིས་ཕུགས་རྒྱང་རིང་པོའི་འཆར་གཞི་བཏང་སྟེ། ༸གོང་ས་མཆོག་གི་ཡང་སྲིད་ཀྱི་ཐད་ལ་ལམ་ཁ་བཟོ་བཞིན་ཡང་ཡོད་སྲིད། དེ་བས་ན། ༸གོང་ས་མཆོག་ལ་མཚན་སྨད་དང་ངན་དམོད་བྱས་ན། ཡང་སྲིད་འཚོལ་སྐབས། རྒྱ་ནག་མི་དམངས་ཀྱི་སེམས་སུ་ཕོག་ཐུག་བཟོས་འགྲོ་སྟབས། ངལ་བ་ཉུང་འཕྲི་གཏོང་གི་ཡོད་ཅིང་། དེ་ནས་ཧམ་བཤད་ཀྱིས་དང་ལེན་བྱེད་དུ་འཇུག་རྒྱུ་དེ་རེད།
འདས་པའི་ལོ་ཤས་ཀྱི་ནང་དུ། ཞི་ཅིན་ཕིན་སྲིད་གཞུང་གིས་བརྒྱུད་ལམ་ཁག་ནས༸གོང་ས་མཆོག་ལ་མཚན་སྨད་ཞུས་པ་མཚམས་བཞག་པར་བརྟེན་ནས། བོད་ཁུལ་ལྷིང་འཇགས་སུ་གནས་པ་ལྟ་བུ་ཞིག་ཏུ་སྣང་གི་ཡོད། ཞི་ཅིན་ཕིན་གྱིས་བརྒྱུད་ལམ་ཁག་ནས༸གོང་ས་མཆོག་དང་བཙན་བྱོལ་གཞུང་ལ་ངན་དམོད་བྱེད་པ་དེ་ཡིས་བོད་མིའི་ཁྲོད་དུ་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་གྱི་ཡོད་པ་ཤེས་ཀྱི་ཡོད་ཅིང་། དེ་ལྟར་ཤེས་རྟོགས་བྱུང་བ་དེར་བོད་ལ་རྒྱུས་མངའ་ཆེ་བའི་གནད་ཡོད་མི་སྣ་ཡིས་ལམ་སྟོན་གནང་ཡོད་པ་ཐེ་ཚོམ་མེད་པ་ཞིག་རེད། དེ་མ་གཏོགས་ལོ་མང་གི་རིང་དུ“ཏཱ་ལའི་རུ་ཚོགས”ལ་ཁ་རྡུང་བཏང་བར་བརྟེན་ནས། འཚོ་བ་རོལ་མཁན་དང་། གོ་གནས་འཕེར་མཁན། རྒྱུ་ཐོག་ལ་རྒྱག་མཁན་གྱི་ཁེ་ཕན་ཚོགས་ཁག་གི་ཡོང་འབབ་ལམ་ཁ་དེ་སྒྱུར་ཐབས་མེད་པ་ཞིག་རེད། འོན་ཀྱང་། དོན་དངོས་ཐོག་ཞི་སྲིད་གཞུང་གིས་སྲིད་གཞུང་སྔ་མ་ལས་ཀྱང་བོད་ཐོག་ལ་དམ་དྲག་བྱེད་ཀྱི་ཡོད། དེ་ཡང་། ཚད་མཐོའི་དྲ་རྒྱའི་མ་ལག་དང་། སྒྲ་འཇུག་འཕྲུལ་ཆས། སྐྱེ་དངོས་ཀྱི་ངོ་རྟགས་འཛིན་བྱེད་ཀྱི་ཚད་མཐོ་བའི་འཕྲུལ་ཆས་སྤྱད་དེ། བོད་མིའི་བྱ་སྤྱོད་རེ་རེར་ལྟ་རྟོག་བྱེད་ཀྱི་ཡོད། དེར་མཚུངས། གཞུང་གི་ལས་བྱེད་པ་ཧ་ཅང་མང་པོ་གྲོང་སྡེ་དང་དགོན་པ་ཁག་ཏུ་གཏོང་གི་ཡོད་ཅིང་། ཉེན་རྟོག་ཁང་སོགས་མང་པོ་བཙུགས་ཏེ། བོད་མིར་ལྟ་རྟོག་དང་དམ་དྲག་བྱེད་པ་སྔར་ལས་ཤུགས་ཆེ་རུ་ཕྱིན་ཡོད།
གཞན་ཡང་། བོད་ཀྱི་རིག་གནས་དང་། ཆོས་ལུགས། སྐད་ཡིག སློབ་གསོ་སོགས་ཀྱི་ཐད་ལའང་དམ་དྲག་གི་སྲིད་ཇུས་བཟུང་ཞིང་། བོད་ཀྱི་སྲོག་རྩར་ཐད་ཀར་གནོད་བྱེད་ཀྱི་འདུག་ཅེས་ཀྱང་བཤད་ཆོག་པ་ཞིག་རེད།
ད་ལོར། བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་དུ་མེ་སྐྱོན་ཤོར། དེ་ཡང་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་རིག་གནས་ཀྱི་ཉིང་བཅུད་གཙུག་ལག་ཁང་གི་ལྷ་ཁང་གཙོ་གྲས་དག་ལ་མེ་སྐྱོན་ཤོར། རྒྱ་གཞུང་གིས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་གནས་ཚུལ་དེ་སྦས་གསང་བྱེད་ཐབས་བྱས་ཤིང་། མེ་སྐྱོན་གྱི་གྱོང་གུད་རྣམས་ཀྱང་ངོས་ལེན་མ་བྱས་པར་མ་ཟད། ད་ལྟའང་གནས་ཚུལ་དེ་འབྲེལ་གྱི་འགོ་ཁྲིད་གཙོ་བོ་དང་མི་སྣ་གཞན་དག་གི་འགན་ཁུར་གྱི་ཕྱོགས་ལ་རྩད་གཅོད་གནང་མེད། མདོར་ན། གནས་ཚུལ་ཆ་ཚང་སྦས་སྐུང་བྱས་པར་ལེགས་འགྲུབ་བྱུང་ཞིང་། གནས་ཚུལ་རྫུན་བཟོ་བྱས་པ་ཡང་ཧ་ཅང་ཞིབ་ཚགས་པོ་རེད། རྒྱ་གཞུང་གི་མཐོ་རིམ་འགོ་ཁྲིད་ཚོས་ཀྱང་གནས་ཚུལ་དེ་བཏང་སྙོམ་དུ་བསྐྱུར་ཏེ། ས་གནས་འགོ་ཁྲིད་ཚོའི་བྱུང་རྒྱལ་གྱི་ལས་རྣམས་རང་དགར་བསྐྱུར།
ཞི་ཅིན་ཕིན་གྱིས་ཕྱོགས་མང་པོ་ཞིག་ནས་བོད་ཐོག་ལ་དམ་དྲག་བྱེད་པའི་སྲིད་ཇུས་རྙིང་པ་དེ་རྣམ་པ་གཞན་ཞིག་ཏུ་བསྒྱུར་ཡོད། དེ་སྔོན་བོད་རང་སྐྱོང་ལྗོངས་ཀྱི་དབང་འཛིན་པ་དང་པོ་གནམ་མཆོང་པ་སྟེ་ས་གནས་གཞན་ནས་གནས་སྤོར་བྱེད་པར་འགྱུར་བ་བཏང་ནས་བོད་དུ་ལོ་ངོ་བཞི་ཅུ་ལྷག་ལ་གནས་སྡོད་བྱས་མྱོང་བའི་ཝུ་ཡུན་ཅེ་ལ་རང་སྐྱོང་ལྗོངས་ཀྱི་ཆེས་མཐོའི་གོ་གནས་སྤྲད། དེ་བཞིན་དུ། གཞུང་གི་ཞིབ་འཇུག་པའི་ཤོག་བུ་ཐོག་ནས་དམག་ཇུས་བྱེད་མཁན་དག་ལ་མགོ་མ་མཁོར་པར་བོད་དུ་ལོ་ངོ་ཉི་ཤུ་ལྷག་ལ་བསྡད་མྱོང་མཁན་གྱི་ཊོ་ལིག་ཅི། ཡང་ཞོ་ཏོ། ཧོ་ཁྲོན་ཧ་སོགས་མི་སྣ་དེ་དག་གལ་གནད་དུ་བཟུང་སྟེ་སྤྱོད་ཀྱི་འདུག ཁོ་ཚོ་ནི་རྒྱ་གཞུང་གི་གོ་གནས་ཀྱི་ཆ་ནས། དམའ་རིམ་ནས་གོང་རིམ་དུ་འཕེར་བ་ཞིག་ཡིན་ཞིང་། དམིགས་བསལ་གྱི་ཁྱད་ཆོས་ཤིག་ལྡན་པ་ནི། ཁོ་ཚོས་ས་གནས་ཀྱི་གནས་ཚུལ་དང་། དཔོན་རིགས་ཀྱི་གནས་སྟངས། ཐ་ན་བོད་མིའི་སྐྱེས་ཁུངས་ཀྱང་ཤེས་ཀྱི་ཡོད་པ་དེ་ཡིན། དེར་བརྟེན། ཁོ་ཚོས་ཞི་ཅིན་ཕིན་ལ་བཏོན་པའི་བོད་དང་འབྲེལ་བའི་བསམ་ཚུལ་དང་། བོད་ཐོག་ཏུ་འཛིན་པའི་སྲིད་ཇུས་བཅས་ཀྱིས་བོད་ཀྱི་སྲོག་རྩར་ཕོག་ཐུབ་ཀྱི་ཡོད་ཅིང་། ཉེ་བའི་ལོ་ཤས་ཀྱི་ནང་དུ། ཞི་སྲིད་གཞུང་གིས་བོད་ལ་དམ་དྲག་བྱེད་པའི་སྲིས་ཇུས་དང་བྱེད་ཐབས་དག་གི་ཁྲོད་ན་བོད་ལ་རྒྱུས་མངའ་ཆེ་བའི་མི་སྣ་དེ་དག་གི་གྲིབ་གཟུགས་ཡོད།
ཊོ་ལིག་ཅི་ནི། ༡༩༧༤ལོར་མདོ་སྨད་ཁྲི་ཀ་རྫོང་ཞིང་པ་སྡེ་བར་གཞོན་ནུ་ཤེས་ཡོན་ཅན་གྲོང་གསེབ་ཏུ་ཡོང་པའི་གྲས་ཡིན། དེ་ནས་ལོ་སུམ་ཅུའི་རྗེས་ནས་མཚོ་སྔོན་ཞིང་ཆེན་གྱི་ཧྲའུ་ཅི་དང་། ཞིང་ཆེན་མི་མང་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་སུ་བསྡད།ད་དུང་ལོ་མང་གི་རིང་ལ་ཚོང་ལས་སྡེ་ཁག་གི་འགན་ཡང་ཁུར་འདུག ཁོ་རང་མཚོ་སྔོན་དུ་ཡོད་སྐབས། བོད་མི་རྣམས་ལ་སྟངས་འཛིན་བྱས་པའི་ཐད་ནས་ཅུང་ལེགས་འགྲུབ་བྱུང་ཞིང་། རྩ་བའི་ཆ་ནས། གནད་དོན་ཆེན་པོ་བྱུང་བཅུག་མི་འདུག ད་ལྟ། ཀྲུང་དབྱངས་སྒྲིག་སྲོལ་ལྟ་རྟོག་སྡེ་ཁག་གི་ཧྲའུ་ཅི་རེད། སྔོན་ཆད་ཝང་ཆི་ཧྲན་གྱི་ལག་རོགས་གཙོ་བོ་ཞིག་ཀྱང་རེད།
ཡང་ཞོ་ཏོ་ནི། ༡༩༨༣ ལོར་བོད་དུ་བསླེབས། ནག་ཆུ་ནས་གསོ་སྨན་བཟོ་གྲྭ་ཞིག་ཏུ་མ་རྩ་བཞག་མྱོང་ཞིང་། སྤྱི་གཉེར་གཞོན་པ། ཏང་གི་ལས་བྱེད་ཧྲའུ་ཅི་སོགས་ཀྱི་ལས་གནས་ཁུར། ལོ་ཉེར་ལྔའི་རྗེས་ནས། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པར་བསྡད་ཅིང་། སྲིད་ནོར་སྡེ་ཁག་གི་ཧྲའུ་ཅིར་བསྡད། ད་ལྟ་རྒྱལ་ཁབ་ཉེན་རྟོག་སྡེ་ཁག་གི་འགོ་ཁྲིད་ཡིན།
ཧོ་ཁྲོན་ཧ་ནི། ༡༩༨༣ ལོར་བོད་དུ་བསླེབས། གུང་ཁྲན་ན་གཞོན་རུ་ཁག་བོད་རང་སྐྱོང་ལྗོངས་ཀྱི་ལས་མི་ཞིག་ཡིན་ཞིང་། ལོ་ཉེར་གསུམ་གྱི་རྗེས་ནས། རང་སྐྱོང་ལྗོངས་ཀྱི་ཧྲའུ་ཅི་གཞོན་པར་བསྡད། ད་ལྟ་ཙུང་ལི་གཞོན་པ་ཡིན།(ཞིབ་འཇུག་པ་ལ་ལས་བརྗོད་ན། ཧོ་ཁྲོན་ཧ་ཀྲུང་དབྱངས་སུ་བསླེབས་པའི་རྒྱུ་མཚན་ནི། པཎ་ཆེན་སྐུ་ཕྲེང་བཅུ་པ་བཀྲོངས་པར་མཉམ་ཞུགས་བྱས་ཡོད་པར་བརྟེན་ནས་ཡིན་པར་བརྗོད།) ཞི་ཅིན་ཕིན་གཡས་གཡོན་དུ་བོད་ལ་རྒྱུས་མངའ་ཆེ་བའི་གོང་གི་མི་སྣ་དེ་དག་ཡོད་པར་ཟད། ད་དུང་བོད་ནས་ལོ་བཞི་བཅུ་ལྷག་ལ་བསྡད་པའི་ཝུ་ཡུན་ཅེ་སོགས་ཀྱང་ཡོད།
ཝུ་ཡུན་ཅེ་ནི། ༡༩༧༤ ལོར་བོད་ཀྱི་ཉིང་ཁྲིའི་ཕྱུག་ལས་ཁང་གི་ན་གཞོན་ཤེས་ཡོན་ཅན་ཞིག་རེད། རྗེས་ནས་བོད་ཀྱི་སློབ་གསོ་སྡེ་ཁག་ནས་ལས་འགན་ཁུར། ལོ་བཞི་བཅུ་ལྷག་འགོར་བའི་རྗེས་ནས། རྒྱ་གཞུང་རང་སྐྱོང་ཁུལ་གྱི་ཆེས་མཐོའི་དབང་ཤུགས་ལྡན་མཁན་ཞིག་ཏུ་གྱུར།
ཟླ་འདིའི་ནང་དུ་ཞི་ཅིན་ཕིན་གོང་མའི་ཁྲི་ལ་བཀོད་པ་སྟེ་དབང་ཆ་བླ་མེད་ཐོབ་པ་ལ་བརྟེན་ནས། བོད་ལ་རྒྱུས་མངའ་ཆེ་བའི་མི་སྣ་དེ་དག་གི་དབང་ཆ་དང་གོ་གནས་མུ་མཐུད་ནས་འཕེར་བཞིན་ཡོད་སྟབས། རྒྱ་གཞུང་གིས་བོད་ཐོག་ལ་ཇི་ལྟ་བུའི་སྲིད་ཇུས་ཞིག་འཛིན་པའི་ཐད་ནས། མི་སྣ་དེ་དག་མུ་མཐུད་ནས་ཞི་ཅིན་ཕིན་གྱི་གཡས་གཡོན་ནས་བསྡད་དེ་གྲོས་གཞི་གདོན་རྒྱུ་ཡིན་པར་འདོད།
ཞི་ཅིན་ཕིན་འཁྲིས་ཀྱི་མི་སྣ་དེ་དག་སྔོན་ཆད་བོད་ཀྱི་ཚོང་ལས་དང་། སློབ་གསོ། སྲིད་ནོར་སོགས་ཀྱི་སྡེ་ཁག་གི་ཁྲོད་ནས་ཉམས་མྱོང་ཕུན་སུམ་ཚོགས་པ་བསགས་ཡོད་ཅིང་། ས་ཁུལ་གྱི་ཆ་ནས་བཤད་ནའང་། བོད་ཆོལ་ཁ་གསུལ་དུ་ཁྱབ་ཡོད་པ་ཞིག་ཡིན། ད་ལྟ་མི་སྣ་དེ་དག་ནི་ཀྲུང་དབྱངས་ཀྱི་དབང་ཚད་རིམ་པར་བསླེབས་ཡོད་པར་མ་ཟད། ཞི་ཅིན་ཕིན་གྱིས་ཡིད་ཆེས་བློ་འགེལ་བྱེད་ཀྱི་ཡོད་པས། མ་འོངས་པར་རྒྱ་གཞུང་གིས་བོད་ཐོག་ཏུ་འཛིན་པའི་སྲིད་ཇུས་བཟོ་བའི་ཐད་ལ། མི་སྣ་དེ་དག་གིས་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་ངེས། ཁོ་ཚོ་དང་ཞི་ཅིན་ཕིན་ནི་གྲུ་གཟིངས་གཅིག་གི་སྟེང་དུ་ཡོད་པའི་ཁེ་ཕན་ཚོགས་ཁག་གཅིག་རེད་ལ། རྒྱ་ནག་ལ་འདི་འདྲའི་བཤད་རྒྱུན་ཞིག་ཀྱང་ཡོད་དེ། “རང་ཤེས་གཞན་ཤེས། གཡུལ་བརྒྱ་མི་ཕམ།”དེ་བས། ཞི་ཅིན་ཕིན་གྱིས་བོད་རིགས་རྩ་མེད་གཏོང་བའི་སྲིད་ཇུས་ལག་ལེན་བསྟར་གྱི་ཡོད་པ་དེར“གཞན་ཤེས”མཁན་གྱི་མི་སྣས་ཤུགས་རྐྱེན་ཐེབས་ཡོད་ཅིང་། དཔེར་ན། ཊོ་ལིག་ཅི་སོགས་ནི“གཞན་ཤེས”མཁན་ཞིག་རེད། ཞི་ཅིན་ཕིན་ལ་མཚོན་ན། དེ་ནི་ཧ་ཅང་གལ་ཆེན་པོ་ཞིག་རེད། ཁོ་ཚོ་བོད་ནས་ལོ་བཅུ་ཕྲག་ཁ་ཤས་ལ་བསྡད་པར་བརྟེན། ཇི་ལྟར་བོད་ཀྱི་རིག་གནས་དང་། ཆོས་ལུགས། སྐད་ཡིག་བཅས་གཏོར་བརླག་བྱེད་དགོས་པ་ཤེས་པར་མ་ཟད། ད་དུང་བོད་མི་རིགས་ཀྱི་གཅིག་གྱུར་ནུས་པ་དང་མི་རིགས་ངོས་འཛིན་སོགས་ཀྱང་ཤེས་ཀྱི་ཡོད། དེང་སྐབས། རྒྱ་གཞུང་གི་བོད་ཐོག་ཏུ་བཟུང་བའི་སྲིད་ཇུས་ཀྱི་ཁྲོད་དུ་གོང་དུ་བརྗོད་པའི་བྱེད་ཐབས་དེ་ཧ་ཅང་མངོན་གསལ་དུ་འགྱུར་བཞིན་ཡོད།
དེར་བརྟེན། རྒྱ་གཞུང་གིས་བོད་ཐོག་ཏུ་སྲིད་ཇུས་ཅི་ལྟ་བུ་ཞིག་འཛིན་པའི་ཐད་ནས། ཞི་ཅིན་ཕིན་རྩིབ་ཀྱི་ཊོ་ལིག་ཅི་དང་། ཡང་ཞོ་ཏོ། ཧོ་ཁྲོན་ཧ། ཝུ་ཡུན་ཅེ་སོགས་ཀྱི་མི་སྣ་འདི་དག་གིས་ཤུགས་རྐྱེན་ཆེན་པོར་ཐེབས་ངེས། “རིག་གསར”གྱི་བག་ཆགས་ཟབ་ཅིང་བོད་ཐོག་ལ་དམ་དྲག་གི་སྲིད་ཇུས་འཛིན་པར་རྒྱབ་སྐྱོར་བྱེད་མཁན་གྱི་མི་སྣ་འདི་དག་ལ་བརྟེན་ནས། རྒྱ་གཞུང་གི་བོད་ཐོག་ཏུ་འཛིན་པའི་སྲིད་ཇུས་དེ་མུ་མཐུད་དེ་མཁྲེགས་པོ་དང་དམ་དྲག་གི་ཕྱོགས་སུ་འགྲོ་ངེས་རེད། མ་འོངས་པར། བོད་ནང་དུ་དམ་དྲག་དང་ལྟ་རྟོག་ནན་མོ་བྱ་ངེས་པ་དང་། དེ་བཞིན་ཕྱིའི་རྒྱལ་ཁབ་དག་ལ་དཔལ་འབྱོར་དང་ཆབ་སྲིད་ཐོག་ནས་གནོན་ཤུགས་ཆེན་པོ་སྤྲད་ནས་བཙན་བྱོལ་བོད་མིའི་ཆབ་སྲིད་ལས་འགུལ་གྱི་འཁོར་ཡུག་ཆུང་དུ་གཏོང་ཐབས་བྱེད་རྒྱུ་ཡིན་པ་རེད། དེ་འདྲའི་བཙན་ཤེད་དང་འཇབ་རྒོལ་གྱི་རྣམ་པ་དེ་རྒྱལ་ཁབ་ཁ་ཤས་ན་མཐོང་ཆོས་སུ་འགྱུར་བཞིན་ཡོད། དེ་ནས་བོད་དོན་སེལ་བའི་ཐད་ནས་སྔར་བཞིན་སྲིད་ཇུས་མཁྲེགས་པོ་འཛིན་པ་དང་། གྲོས་མོལ་བྱེད་པའི་བོད་ཀྱི་རེ་འདུན་ལའང་སྔར་བཞིན་ཁ་ཡ་བྱེད་ཀྱི་མ་རེད། ཞི་ཅིན་ཕིན་གྱི་དབང་ཤུགས་ཇེ་མཐོར་འགྲོ་བ་དང་། བོད་ལ་རྒྱུས་མངའ་ཆེ་བའི་ཊོ་ལིག་ཅི་ལྟ་བུའི་མི་སྣ་འདི་དག་གི་གོ་གནས་འཕེར་བ་དང་བསྟུན་ནས། རྒྱ་གཞུང་གི་བོད་ཐོག་ཏུ་འཛིན་པའི་སྲིད་ཇུས་དེ་མུ་མཐུད་ནས་མཁྲེགས་པོར་གནས་ཏེ། “ནར་འགྱངས་སྲིད་ཇུས”ཀྱི་ཆེས་མཐའ་འཇུག་གི་དམིགས་ཡུལ་དེ་མངོན་འགྱུར་བྱེད་ཆེད། ཅི་ཡང་སྒྲུབ་ཕོབ་ཀྱི་རེད། གནས་སྟངས་འདི་འདྲ་ཞིག་གི་འོག་ནས། ཁོ་བོས་བོད་ཀྱི་མ་འོངས་པར་སྐྱོ་སྡུག་གི་རྣམ་འགྱུར་ཞིག་བཟུང་ཡོད་པར་མ་ཟད། བོད་མི་ཚོས་སྔར་ལས་ཀྱང་དྲག་གནོན་ཞིག་མྱང་བར་འདོད་པའི་སེམས་འཚབ་ཀྱང་བྱེད་ཀྱི་ཡོད། བོད་ལ་རྒྱུས་མངའ་ཆེ་བའི་མི་སྣ་འདི་དག་གི་འཆར་གཞི་ལ་བརྟེན་ནས། སྔར་ལས་གཞི་རྒྱ་ཆེ་བའི་སྒོ་ནས་དྲག་གནོན་དང་དམ་དྲག་བྱས་ཏེ། བོད་མི་རིགས་རྩ་མེད་དུ་གཏོང་བའི་གནས་སུ་འདེད་ཀྱི་རེད།
http://tibettimes.net/2018/04/17/168681/