2021年7月30日 星期五

དབྱིན་ཇིས་བོད་ལ་བཙན་འཛུལ་བྱས་པའི་རྒྱུ་རྐྱེན་གླེང་བ།

 



དབྱིན་བོད་དམག་འཁྲུག་ནི་བོད་ཀྱི་ཉེ་རབས་ལོ་རྒྱུས་ནང་ཧ་ཅང་གི་གལ་ཆེ་བའི་ལོ་རྒྱུས་དོན་རྐྱེན་ཞིག་ཡིན། ཡིན་ཡང་ལོ་རྒྱུས་དེའི་སྐོར་ལ་བོད་རང་གིས་བྲིས་པའི་ཡིག་ཆ་ཅུང་དཀོན་པ་དང་། དེ་བཞིན་ལོ་རྒྱུས་དོན་རྐྱེན་གྱི་རྒྱབ་ལྗོངས་རྒྱུ་ཆ་ཧ་ཅང་དཀོན་པོ་ཡིན་པས་ལོ་རྒྱུས་དོན་རྐྱེན་འདི་ལ་ངོས་འཛིན་ཆ་ཚང་བ་ཞིག་བྱེད་རྒྱུ་ཧ་ཅང་དཀའ་མོ་ཡིན། དེ་བཞིན་བོད་ནང་དུ་རྒྱ་ནག་དམར་པོ་གཞུང་གིས་ལོ་རྒྱུས་དོན་རྐྱེན་འདི་ཆབ་སྲིད་དྲིལ་བསྒྲགས་དང་རྒྱལ་གཅེས་སློབ་གསོ་རུ་བསྒྱུར་པས། ལོ་རྒྱུས་དོན་རྐྱེན་འདི་ལ་སྔར་ལས་ལྷག་པས་རབ་རིབ་དང་། རྫུན་བཟོས་བྱས་པས་ད་ལྟ་བོད་པ་རང་གི་ནང་དུ་ཡང་ལོ་རྒྱུས་དོན་རྐྱེན་འདི་ལ་རྒྱ་ནག་གི་དྲིལ་བསྒྲགས་ཀྱི་རྗེས་སུ་ཧོབ་རྒྱུགས་བྱེད་ཀྱི་ཡོད་པ་མི་ཉུང་ན། སྐབས་དེའི་མན་ཇུ་གཞུང་གི་གདོད་མའི་ཡིག་ཆ་དང་སྦྲེལ་ནས་དོན་རྐྱེན་འདི་ངོ་སྤྲོད་བྱས་ཡོད་ཅིང་། ལོ་རྒྱུས་ལ་དོ་སྣང་ཅན་དང་ཞིབ་འཇུག་བྱེད་མཁན་རྣམ་པར་སྒེའུ་ཁུང་ཆུང་ཆུང་ཞིག་འབྱེད་པར་འབད་བརྩོན་ཞུས་ཡོད་པས་ཕན་པར་སྨོན།


རྒྱའི་མིང་རྒྱལ་རབས་དང་ཆིང་རྒྱབ་རབས་སྐབས་ཀྱི་རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་སྐོར་ངོ་སྤྲོད།



གོང་བཀོད་ཁ་བྱང་དང་འབྲེལ་བའི་གཏམ་བཤད་འདི་ནི་༼བླ་མཁར་༽ཞེས་པའི་དྲ་ཚོམས་སུ་བཤད་པ་དང་། གཏམ་བཤད་ཀྱི་ནང་དོན་ནི་རྒྱའི་མིང་རྒྱབ་རབས་དང་ཆིང་རྒྱལ་རབས་ཀྱི་ཡིག་ཚང་ངོ་སྤྲོད་ཡིན་ཞིང་། ངོ་སྤྲོད་འདིའི་ནང་དུ་མིང་རྒྱལ་རབས་དང་ཆིང་རྒྱལ་རབས་སོ་སོར་རྒྱལ་པོ་རིམ་བྱོན་གྱིས་རང་གི་མངའ་ཁོངས་ཀྱི་མཁས་པ་ཡག་ཤོས་བདམས་ཏེ་འབོད་འགུག་གིས་རང་གི་ཡབ་མེས་ཀྱིས་གནམ་འོག་བསྐྱངས་ཚུལ་དང་འབྲེལ་བའི་ཆོས་སྲིད་ལོ་རྒྱུས་འབྲིར་བཅུག་པ་དང་། བྲིས་ཟིན་པའི་ལོ་རྒྱུས་ཡིག་ཚང་ལ་གོང་མ་རང་གིས་བསྐྱར་ཞིབ་རྗེས་གླེང་བརྗོད་བྲིས་པའང་ཡོད་པས། རྒྱའི་ལོ་རྒྱུས་ཡིག་ཚང་ནང་གོ་གནས་ཆེན་པོ་བཟུང་ཡོད་པ་མ་ཟད། གོང་མའི་ཐུགས་འདོད་ལྟར་བྲིས་པ་ལྟ་བུ་ཡིན་སྟབས། སྐབས་དེ་ཤད་ཀྱི་ལོ་རྒྱུས་ཡིག་ཚང་གཙིགས་ཆེ་ཤོས་ཀྱང་ཆགས་ཡོད། དེང་གི་དུས་འདིར་བོད་རྒྱའི་གནད་དོན་སྐོར་ནས་གཡོ་ཇུས་དང་རྫུན་བཟོས་དེབ་ཐེར་བརྒྱ་ཕྲག་མང་པོ་ཡོད་ཅིང་། དོན་དངོས་མཚོན་པའི་ཡིག་ཚགས་མཐོང་དཀོན་པའི་ཚད་དུ་ཡོད་ཁར། རྒྱ་གཞུང་གིས་ཆེད་དུ་ཡིག་ཆ་མང་པོ་ཁ་སྒྱུར་གྱིས་འཛམ་གླིང་ལ་བཀྲམས་ཟིན་པས། དོན་དངོས་ཁ་གསལ་དོན་གོ་ཞིག་ཤེས་དགོས་པར་འདིར་ཞུས་རྒྱའི་ཡིག་ཚང་ཁག་ནི་རྒྱའི་ལོ་རྒྱུས་ཡིག་ཆ་སྟོང་ཕྲག་མང་པོ་ཡོད་པའི་ནང་ནས་ཁུངས་བཙུན་ཤོས་དང་དག་ཤོས་སུ་ངོས་འཛིན་བྱེད་ཅིང་། བོད་རྒྱའི་དཀའ་རྙོག་ལ་དབྱེ་ཞིབ་བྱེད་མཁན་དག་གིས་ཡིག་ཆ་ཁུངས་བཙུན་གང་ཡིན་མ་ངེས་པ་དང་། དེར་ལྟ་ཀློག་དབྱེ་ཞིབ་དང་དབྱེ་འབྱེད་བྱ་མ་ཐུབ་ཚེ། བོད་རྒྱའི་གནད་དོན་གྱི་དོན་དངོས་ལས་རྒྱང་དུ་ཕྱིན་འགྲོ་བས་ངོ་སྤྲོད་བྱ་རྒྱུའི་ཡིག་ཚང་འདི་དག་ནི་གལ་ཆེན་པོ་ཆགས་ཡོད་ཅིང་། ཡིག་ཚང་དེ་དག་ལ་ཞིབ་འཇུག་བྱས་ཏེ་སྙིང་དོན་ལྟ་བུའི་ཚུལ་དུ་ངོ་སྤྲོད་བྱས་ཡོད་ཅིང་། ལར་ནས་དོ་སྣང་ཅན་ཚོས་ཡིག་ཚང་དེ་དག་དངོས་སུ་ལྟ་ཀློག་གིས་བོད་རྒྱའི་གནད་དོན་སྐོར་ལ་ཟབ་འཇུག་བྱ་རྒྱུ་གལ་ཆེར་མཐོང་། དེ་བས་ཡིག་ཚགས་སྐོར་ཀྱི་གཏམ་བཤད་འདི་རིམ་པར་སྤེལ་རྒྱུ་ཡིན་པས་ཐུགས་སྣང་གནང་རོགས་ཞུ།