2012年11月22日 星期四

ངའི་དཔའ་རྒོད་ཚོ།




༼འབྲས་མོ་ལྗོངས་ར་བང་ལར་བོད་དམག་༢༢བའི་དམག་སྒར་དང་རང་རིགས་དམག་མི་མཇལ་ནས་བྲིས་པའོ༽

ལོ་ངོ་ལྔ་བཅུའི་རིང་ལ
ངའི་དཔའ་རྒོད་ཚོས་
གཡུལ་འཁྲུགས་དང་པོ་དང་ཡང་ན་ཐ་མའི་ཆེད་དུ
ཉིན་མཚན་མེད་པར་གངས་སེང་དཀར་མོ་དབུ་རྒྱུན་དུ་བཏེགས་ཤིང་
རྡོ་རྗེ་རལ་གྲིས་དཔུང་བ་བརྒྱན

མཁའ་དབྱངས་དང་བྲག་རི་ནི་ཁྱོད་ཚེའི་ཚོ་བ་ཡིན

མི་ལོ་ལྔ་བཅུ་རིང་དྲག་ན་ཡང
ངའི་དཔའ་རྒོད་ཚོས་སྡུག་བསྔལ་མང་པོ་མང་པོ་ཁུར་ནས
མཁའ་དབྱིངས་ནས་མཆོང་ཐེངས་རེ་རེར
རླབས་ཆེ་བའི་ཚེ་སྲོག་ཡང་འབེན་ལ་བཙུགས་ཡོད
བྲག་ཕྲང་རེ་རེར་བརྒྱུད་དུས
རང་ཉིད་ཀྱི་ཚེ་སྲོག་ཟུར་དུ་བཏོན་ཡོད


མི་རིགས་གམ་ཡང་ན་རྒྱལ་ཁབ་ཀྱི་ཆེད
ངའི་དཔའ་རྒོད་ཚོ་གངས་རི་དང་བྲག་རིའི་གསེང་ན
བྱ་རྒོད་བཞིན སྟག་ཕྲུག་བཞིན འབྲོང་རྒོད་བཞིན

ཕྱིར་མིག་བལྟ་ཐེངས་རེ་རེར
རྣམ་ཤེས་ཕྲ་མོ་གངས་རིའི་ལྗོངས་སུ་ཤོར་ཡོད

ངའི་དཔའ་རྒོད་ཚོས་མེས་པོའི་རེ་བ་ལྕི་མོ་དེ་ཁུར་ནས
དཔའ་རྟུལ་ཚོའི་རྐང་ལམ་ཕྲ་མོ་དེ་བསྙེགས
སྨད་མདོ་ཁམས་ནས་སྟོད་དབུས་གཙང་བར
ཡུལ་ཀློ་ཐང་ནས་མར་སྦང་སྡེ་བར
ཚེ་སྲོག་གི་ལོ་རྒྱུས་རེ་རེ་བྲིས་ཡོད

དམིགས་ཡུལ་དེའི་ཆེད་དམ་ཡང་ན་རེ་བ་འདིའི་ཆེད་དུ
ངའི་དཔའ་རྒོད་ཚོ་མུ་མཐུད་དུ་མདུན་སྐྱོད་བྱེད་བཞིན་ཡོད

དེ་བས་ངས་བཙན་པོའི་དཔའ་རྒོད་ཀྱི་འགྲུལ་བཞུད
ད་དུང་བཙན་པོ་ལྷས་འཇང་ཡུལ་དུ་དྲག་རྩལ་ངོམ་པའང་དྲན
ཡོད་ཚད་དེ་འདྲའི་མགྱོགས་དྲག་པའམ་
ཡང་ན་དལ་དྲག་པས
ངའི་དཔའ་རྒོད་ཚོའི་ཉིན་མཚན་ཧ་ཅང་རིང་

འདི་ལྟར་གཡུལ་སར་དཔུང་སྐྱོད་ཀྱི་གོ་སྐབས་མེད་པར་ལྷག

རྫོགས་སུ་མེད་པའི་སང་ཉིན་རིང་མོ་དེའི་ཆེད་དུ་
ངའི་དཔའ་རྒོད་ཚོ་གནམ་ལྕགས་བཞིན
མཁའ་དབྱངས་ནས་སྲག་མཁྲེགས་ཀྱིས་མཆོངས
རི་གསུམ་རྩེ་ནས་ཉུལ
ལུང་གསུམ་མདོ་ནས་སོ་བལྟ་བྱེད

ཡིན་ཡང་
མཚན་མོ་རིང་དྲག་པས
ངའི་དཔའ་རྒོད་ཚོར་ཕྲ་མ་དང་དམའ་འབབ་བྱས་ན་ཡང
ཁྱེད་ཚོ་ནི་ནམ་ཡང་ངའི་དཔའ་རྒོད་ཡིན
ཨ་མའི་བུ
ཁྱེད་ཚོས་ངའི་རྣམ་ཤེས་ཕྲ་མོའི་རྒྱུན་བཟུང་ཡོད་ལ
ཁྱེད་ཚོས་མི་རིགས་སམ་ཡང་ན་རྒྱལ་ཁབ་ལ་བཅིངས་པའི་བརྩེ་བ་དྭངས་མོས་
རང་ལུས་ཕྲ་མོ་འབེན་ལ་བཞགས་ཡོད
མཆོད་པར་བཞགས་ཡོད

སང་ཉིན་གྱི་རྡོ་རིང་ལ་ཁྱེད་ཚོའི་མིང་བྱང་ཡོད་ལ
གསེར་ཡིག་གི་ཐོ་གཞུང་གསར་བ་ཞིག་ཀྱང་བཀོད་སྲིད་པས
ངས་ནམ་ཡང་ཁྱེད་ཚོའི་གཏམ་རྒྱུད་ལ་ཉན་བཞིན་ཡོད
ངས་ནམ་ཡང་ཁྱོད་ཚོ་དང་འདྲ་བར
འབྱུང་འགྱུར་གྱི་རྨི་ལམ་རིང་མོ་དེ་འཚོལ་བཞིན་ཡོད
ངའི་དཔའ་རྒོད་ཚོ་ལམ་ལ་ཆས་དང
ངས་ལྷན་འཛོམས་ཀྱི་ཉི་མ་གྲངས་ཀར་བགྲངས་བཞིན་ཡོད

༢༠༡༢།༩།༡༦ར་བང་ལའི་མགྲོན་ཁང་དུ

沒有留言:

張貼留言